པེ་ཅིན་ནས་འོང་བའི་དུས་དེབ་ཞིག རྨུ་ཐག སྤྱིའི་འདོན་ཐེངས་དང་པོ་ནས་བཞི་བའི་བར། |
རྩོམ་པ་པོ། རྡོ་འབུམ།
|
2009-02-03 |

གངས་རིའི་ལྗོངས་ཀྱི་གསེར་མདོག་གི་ཉི་གཞོན་འོག་ཏུ་སྦྲུམ་པའི་གངས་བུ་ཁྱུ་དང་ཁྱུ་ཞིག་ཕ་ས་དྲོན་མོ་ལས་རྒྱང་དུ་གྱེས་ཏེ་ནང་སའི་ཡུལ་གྲུ་གང་སར་སློབ་གཉེར་བྱེད་བཞིན་ཡོད། རང་ཉིད་ཀྱི་མི་ཚེའི་རེ་བ་དང་ཕུགས་བསམ་མངོན་དུ་འགྱུར་སླད་གངས་རིའི་པང་ལས་རྒྱང་ལ་པེ་ཅིང་གི་ཡུལ་འདིར་སློབ་གྲྭ་འགྲིམ་བཞིན་པའི་ངེད་ཀྱང་ལྷག་བསམ་ཞིག་སེམས་སུ་བཅངས་ཏེ་བྱ་བ་རེ་ཟུང་བསྒྲུབ་བཞིན་དུས་གདའ། དེ་ཡང་པེ་ཅིང་དུ་བོད་ཀྱི་རིག་གནས་མུ་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་ཐུབ་པའི་སླད་དུ་ང་ཚོ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སློབ་མ་འགའ་ཤས་མཉམ་དུ་འདུས་ཏེ་པེ་ཅིང་བོད་རིགས་སློབ་མའི་རྩོམ་རིག་ཚོགས་ཆུང་བྱ་བ་ཞིག་གཉེར། ང་ཚོས་ཕན་ཚུན་སློབ་སྦྱོང་དང་མཐུན་ལས་སྤེལ་བ་བརྒྱུད། ཉམས་ཆག་ཏུ་འགྲོ་བཞིན་པའི་ནང་སའི་བོད་རིགས་སློབ་མའི་བོད་སྐད་ཡིག་གི་ཡོན་ཚད་སོར་ཆུད་དང༌། པེ་ཅིང་དུ་བཅའ་སྡོད་བྱས་པའི་བོད་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་རྣམས་ལ་ཕན་ཚུན་རྒྱུས་མངའ་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ། རང་རེའི་སྲོལ་རྒྱུན་རིག་གནས་འདི་བཞིན་མ་ཉམས་རྒྱུད་འཛིན་ཐུབ་རྒྱུར་རང་ནུས་གང་དཔོག་གི་སྲི་ཞུ་ཕྲན་ཙམ་འགྲུབ་རྒྱུའི་དམིགས་ཡུལ་བཟུང་ནས་ཚོགས་ཆུང་འདི་འདྲ་ཞིག་བཙུགས་པ་ཡིན།ད་ལམ་རྭ་ཐབས་རིན་པོ་ཆེ་མཆོག་གི་རོགས་རམ་ལས་ངེད་ཀྱི་བྱ་བར་སྔར་མེད་པའི་མཐུན་རྐྱེན་གང་མང་བསྐྲུན་སྟབས། གོ་སྐབས་བཟང་པོ་འདི་དང་བསྟུན་ནས་ངེད་ཀྱིས་༼རྨུ་ཐག༽བྱ་བའི་དུས་དེབ་ཞིག་གཉེར་བའི་བྱ་བར་འབད་ཡོད་ལ། འདི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ལ་མར་དང་རྩམ་པའི་རོ་ངད་ལྡན་པའི་དུས་དེབ་ཀྱི་སྤྱིའི་འདོན་ཐེངས་དང་པོ་འདི་རྒྱ་ཆེའི་སྤུན་ཟླ་རྣམས་པའི་བསམ་བློའི་རྒྱགས་ཕྱེར་ཕུལ་ཡོད།
རྨུ་ཐག་བྱ་བ།
བཤད་སྲོལ་གཞིར་ན་བོད་རྗེ་ཐོག་མ་ནས་བདུན་པ་བར་སྐུ་འདས་སྐབས་ནམ་མཁར་འགྲོ་སའི་དཔྱང་ཐག་ལ་གོ དེ་རིང་ངེད་ཀྱི་རྨུ་ཐག་འདི་ཡང་ཐག་པ་ཞིག་ཡིན་ཏེ། ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་མཐུན་པར་སྒྲིལ་བྱེད། རེ་ཞིག་རྗེས་སུ་ལུས་པའི་གངས་རིའི་ཕུ་ནུ་རྣམས་ཡར་དུ་འདྲེན་བྱེད། ཁ་བ་རི་པའི་འཕེལ་བགྲོད་འཛམ་གླིང་སྔོན་ཐོན་ཕྱོགས་སུ་སྐུལ་བྱེད་ཡིན་ནོ། ། དེ་ཡང་ངེད་ཀྱི་དུས་དེབ་འདི་ནི་ལོ་རེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་དང་དགའ་ལྡན་ལྔ་མཆོད་ཉིན་རྒྱ་ཆེའི་སྤུན་ཟླ་རྣམས་པའི་སྤྱན་ངོར་འབུལ་འཆར་ཡོད།ད་ཐེངས་བོད་རབ་བྱུང་བཅུ་བདུན་པ་མེ་ཕག་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཏོན་པའི་དུས་དེབ་འདིའི་ནང་ངེད་པེ་ཅིང་དུ་བཅའ་སྡོད་བྱས་པའི་བོད་རིགས་སློབ་མ་ཁོ་ནའི་རྩོམ་ཡིག་བཀོད་ཡོད་ལ། ནང་དོན་དང་རྩོམ་རྩལ་གྱི་ཐད་སློབ་རའི་འཚོ་བ་མཚོན་པ། མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཕྱོགས་སུ་དམིགས་ཡོད། མ་འོངས་པའི་དུས་སུའང་འདི་ལྟར་དུ་ལས་ངེས་པས་ཚང་མས་མུ་མཐུད་དོ་ཁུར་གནང་བར་འཚལ།ད་ཐེངས་ང་ཚོའི་ལས་དོན་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ་༼རྨུ་ཐག༽དུས་དེབ་ཀྱི་སྤྱིའི་འདོན་ཐེངས་དང་པོ་འདི་དངོས་སུ་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་པའི་སྤྱན་ལམ་དུ་ཕུལ་ཐུབ་པ་བྱུང་སོང༌། དེ་དག་ནི་མ་དངུལ་ཐད་རྒྱབ་སྐྱོར་གནང་མཁན་གྱི་རིན་པོ་ཆེ་མཆོག་དང་ངེད་རྩོམ་སྒྲིག་ཁང་ལ་རྩོམ་ཡིག་གཏོང་མཁན་གྱི་སློབ་མ་རྣམས།ངེད་བྱ་བར་རིན་བྲལ་གྱི་བཀའ་སློབ་བསྩལ་ཅིང་རྩོམ་ཡིག་ཞུ་དག་གནང་མཁན་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཚེ་རིང་ཐར་ལགས་དང་ཐུབ་བསྟན་ཕུན་ཚོགས་ལགས། ཚེ་དབང་ལྷ་མོ་ལགས། གངས་མཚོ་ལགས། དེ་བཞིན་ཁ་ཤོག་ཇུས་བཀོད་གནང་མཁན་རྒན་ཀརྨ་རྡོ་རྗེ་ཚེ་རིང་ལགས་བཅས་བསམ་དངོས་གཉིས་ཐད་ནས་ཚོགས་པའི་ཆེད་དུ་ནུས་པ་བསྲིངས་མཁན་གྱི་བོད་རིགས་སྤུན་ཟླ་རྣམས་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པས། འདིར་ངེད་རྩོམ་སྒྲིག་ཚོགས་པས་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞུའོ། ། ཞེས་པེ་ཅིང་བོད་རིགས་སློབ་མའི་རྩོམ་རིག་ཚོགས་ཆུང་གཙོ་སྒྲིག་མཁན་ནས།
གཤམ་གྱི་སྦྲེལ་མཐུད་བཀོལ་ནས་དུས་དེབ་དྲ་ངོས་ལས་ཀློག་པའམ་ལེན་པ།
སྤྱིའི་འདོན་ཐེངས་དང་པོ། ཕབ་ལེན།

སྤྱིའི་འདོན་ཐེངས་གཉིས་པ། ཕབ་ལེན།

སྤྱིའི་འདོན་ཐེངས་གསུམ་པ། ཕབ་ལེན།

སྤྱིའི་འདོན་ཐེངས་བཞི་པ། ཕབ་ལེན།

|
ཉེ་བའི་བཟོ་བཅོས། ( 2009-02-03 )
|