|
བོད་ཡིག་གི་དཔེ་དེབ་ལག་འཁྱེར་ཁ་པར་གྱི་ནང་དུ་གོམ་པ་སྤོས་པ། |
|
རྩོམ་པ་པོ། Administrator
|
|
2010-01-24 |
|
བོད་ཡིག་གི་དཔེ་དེབ་ལག་འཁྱེར་ཁ་པར་གྱི་ནང་དུ་གོམ་པ་སྤོས་པ།

ལག་འཁྱེར་ཁ་པར་ནི་བོད་ནང་ལ་མཚོན་ན་སྦག་སྦག་འཁོར་ལོའི་ཚ་རླབས་ཀྱི་རྗེས་ནས་ཕོ་མོ་རྒན་གཞོན་སྐྱ་སེར་གྱི་དབྱེ་བ་མེད་པར་ཁྱབ་བརྡལ་དུ་སོང་ཡོད་པའི་ཡོ་བྱད་གསར་བ་ཞིག་རེད། ལག་འཁྱེར་ཁ་པར་འདི་ཚང་མའི་ཅ་ལག་གལ་ཆེན་ཞིག་དང་འདངས་ཅན་ཞིག་འགྱུར་དོན་གཙོ་བོའང་འདི་ལ་ཁ་པར་གཏོང་བ་དང་འཕྲིན་ཐུང་བསྐུར་བའི་ནུས་པ་རྨང་གཞི་བྱས་ཐོག་ལོ་རེ་བཞིན་བྱེད་ནུས་གསར་པ་འཕར་བསྣོན་བྱུང་བཞིན་པའི་སྟབས་རེད།
སྤྱིར་བཤད་ན་དཔེ་ཆ་ཞིག་ཁ་པར་ནང་དུ་བཞག་ནས་ཀློག་ཏུ་བཏུབ་པ་ནི་སྐད་རིགས་གཞན་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུ་ལ་མཚོན་ན་ཧ་ཅང་ཁྱབ་བརྡལ་དུ་སོང་བའི་བྱེད་ནུས་ཤིག་ཡིན་མོད། འོན་ཀྱང་བོད་ཡིག་གི་བརྡ་འཕྲིན་ལས་དོན་ཀྱི་གནས་བབས་ཧ་ཅང་སྐྱོ་པོ་ཡིན་སྟབས། བོད་ཡིག་གི་དཔེ་ཆ་ལག་འཁྱེར་ཁ་པར་གྱི་ནང་དུ་འཇོག་འདོད་པ་ཙམ་གྱི་རེ་སྨོན་ཡང་ད་བར་དུ་གྲགས་མེད་ཏུ་ལུས་ཡོད། དེ་ཡང་བོད་ཡིག་འདི་ལོ་ཁ་ཤས་ཀྱི་སྔོན་ལ་ཡིག་རིགས་ཡོད་ཚད་གྱི་ཨང་གྲངས་གཅིག་གྱུར་གྱི་བདག་ཉིད་ཅན་དེའི་ནང་དུ་ཚུད་པ་ནས་བཟུང་། བོད་ཡིག་འདི་ཡང་རྩིས་འཁོར་གྱི་མཛད་རིམ་གང་མང་ཞིག་ཏུ་སྤྱོད་ཆོག་པར་གྱུར་ནས་ད་ལྟའི་གནས་བབས་ཅུང་ཙམ་ལེགས་སུ་འགྲོ་བཞིན་མཆིས།
དེ་ལྟར་བོད་ཡིག་འདི་ཡང་བརྡ་འཕྲིན་ཅན་དང་ཨང་ཀི་གཟུགས་ཅན་དུ་རྣམ་པར་འཕྲོས་བའི་སྔོན་འགྲོའི་ཆ་རྐྱེན་ཇེ་བཟང་དུ་འགྲོ་བའི་སྐབས་འདིར། རྡོ་འབུམ་དཔེ་འཕྲིན་གྱིས་བོད་ཡིག་གི་དཔེ་སྐྲུན་ལས་དོན་མུ་མཐུད་དུ་དུས་དང་མཉམ་པའི་སྒོ་ནས་འཚར་ལོངས་བྱུང་ཐུབ་པ་སེམས་ལ་བཅངས་ནས་སྔ་གཞུག་ཏུ་ཕུལ་ཏུ་བྱུང་བའི་སྒོ་ནས་ཧི་གཟུགས་དཔེ་སྐྲུན་གྱི་ཐད་ལ་བཀོལ་བ་དང་། རྩིས་འཁོར་གྱི་ནང་དུ་བོད་ཡིག་གི་ཡིག་གཟུགས་ཡོད་མེད་ལ་མ་བལྟོས་པར་ཐད་ཀར་དུ་ལྟ་ཀློག་བྱེད་བཏུབ་པའི་གློག་དེབ་དཔེ་དེབ་བམ་འགུལ་རིས་རྣམ་པའི་དཔེ་དེབ་གྱི་ལག་རྩལ་ཐོག་མར་བོད་ཡིག་དཔེ་སྐྲུན་གྱི་ཁྱབ་ཁོངས་སུ་དྲངས་པ། དེའི་རྗེས་དཀར་ཡོལ་ལ་མར་གྱི་བརྒྱན་པ་ནང་བཞིན་བོད་ཡིག་གི་དཔེ་ཆ་དག་ལག་འཁྱེར་ཁ་པར་གྱི་ནང་དུ་འཇོག་ཐུབ་ན་ཅི་མ་རུང་སྙམ་ནས་འདི་ཐད་ཀྱི་ལག་རྩལ་ནང་འདྲེན་དང་སྔོག་འདོན་བགྱིས་སྟེ་བོད་ཡིག་གི་དཔེ་སྐྲུན་གྱི་ལས་ཀ་འདི་སྨྱན་ལམ་གསར་བའི་འོག་ཅི་ལྟར་རང་རྐྱ་འཕེར་བར་བསམ་གཞིགས་དང་ལག་ལེན་ཚོད་ལྟ་བྱས་ཡོད།
ད་ཐེངས་ཚང་མའི་སྤྱན་སྔར་ཕུད་པ་ནི་བོད་ཡིག་གི་དཔེ་ཆ་ཅི་ལྟར་ལག་འཁྱེར་ཁ་པའི་ནང་དུ་འཇོག་པའི་ཐད་ལ་ཚོད་ལྟ་ཙམ་བགྱིས་པ་ཡིན། གལ་ཏེ་ལས་ཀ་འདིའི་རིགས་ལ་མོས་པ་ཡོད་པའི་སྤུན་ཟླ་ཡོད་ན་ཉམས་མྱོང་བརྗེ་རེས་དང་བགྲོ་གླེང་ཡོང་བར་ཞུ།

|
|
ཉེ་བའི་བཟོ་བཅོས། ( 2010-02-01 )
|
བསེ་རུས་མི་ཡུལ་ནས།