2009ལོའི་ན་གཞོན་གསར་པ་ཐོན་བྱུང་། |
རྩོམ་པ་པོ། རྡོ་འབུམ།
|
2009-10-31 |
2009ལོའི་ན་གཞོན་གསར་པ་ཐོན་བྱུང་།
2009ལོའི་ན་གཞོན་གསར་པ། སྤྱིའི་དེབ་གྲངས་3པ།

འགྲོ་བ་མི་ཞིག་ལ་མཚོན་ན་ཕྱི་ནང་གཉིས་ཀ་སྨིན་རྒྱུ་ནི་ཀུན་པོས་འཚོལ་སྙེག་བྱེད་ཀྱིན་པའི་ཕུགས་བསམ་ཡིན་ན། མི་ཇུས་རིག་གནས་ཀྱི་ཐད་ནས་ཕྱི་ནང་གཉིས་ཀ་ཀུ་ཤུ་རུལ་བ་ཞིག་དང་མཚུངས་རྟགས་རྒྱབ་ན་མི་ཆོག་པ་མེད་པའི་འོ་སྐོལ་གྱི་མི་རིགས་འདིའི་ནང་སེམས་ཀྱི་རྟོགས་པ་རྨང་ནས་སད་དུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དོན་དག་ཅི་འདྲའི་རླབས་པོ་ཆེ་ཞིག་རེད་ཨང་། དེའི་ཕྱིར། ན་གཞོན་གསར་བའི་དམིགས་ས་གཙོ་བོ་ནི་ནང་སེམས་ཀྱི་རྟོགས་པ་ཡེ་ནས་སད་ཐུབ་ཀྱིན་མེད་པའི་བོད་མི་དང་བོད་ཀྱི་ཤེས་ཡོན་ཅན་གྱི་སྡེ་ཡིན། མི་བུ་སྒེར་བ་རེ་རེ་སད་རྟོགས་བྱུང་ན་འཐུས་སྒོ་ཚང་བའི་མི་རིགས་སྤྱི་བ་ཞིག་འགྲུབ་པའི་རྩ་དོན་འདི་ལ་སྔས་གདིང་ནས། ན་གཞོན་གསར་བས་མི་བུ་བསམ་བློ་སྨྲ་བ་དག་གིས་2009ལོར་བྱུང་བའི་དཔྱོད་ཤེས་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ནས་རྣམ་པ་གསར་བའི་སྒོ་ནས་ཁྱེད་ཅག་གི་མིག་ལམ་དུ་ཡང་བསྐྱར་ཐེངས་ཤིག་བསྟར་ཡོད།
ད་ཐེངས་ཀྱི་2009ལོའི་ན་གཞོན་གསར་བ་ཏེ་སྤྱིའི་དེབ་གྲངས་གསུམ་པའི་དེབ་གཟུགས་ཀྱི་ཆེ་ཆུང་ནི་སྔོན་མ་ནང་བཞིན་ཤོག་ཁ་32ཅན་ཡིན་ལ། འོན་ཀྱང་དཔེ་ཆའི་ཕྱི་ཐུམ་དང་ནང་ཤོག་གཉིས་ཀའི་སྤུས་ཀ་ནི་སྔོན་མའི་དེབ་གཉིས་ཀ་ལས་རིངས་པར་བརྒལ་ཡོད་དེ། དེབ་ཀྱི་ཕྱི་ཐུམ་ལ་རིག་གནས་ཀྱི་ཚོར་བ་ཧ་ཅང་དྲག་པའི་ཆེད་བཟོས་ཤོག་བུ་ཁེ200ཅན་གྱི་རིགས་ཤིག་བཀོལ་ཡོད། གཞུང་དངོས་སུ་ཀློག་པ་པོ་དག་དཔེ་ཀློག་གི་སྐབས་སུ་མིག་དབང་གི་རྒྱལ་མོ་ངལ་བར་མི་གྱུར་ཕྱིར་འགྲོ་སོང་ལ་མ་འཛེམས་པར་ཤོག་བུ་ཡང་མོའི་རིགས་ཁེ60ཅན་བཀོལ་ཡོད། དེ་བཞིན་དུ་དབུ་ཤོག ཚོན་ཁྲ་ཅན་གྱི་ཤོག་ལྷེ། བར་བཅུག་ཤོག་ལྷེ་ལ་སོགས་པའི་ཐད་ནས་ཀྱང་ཡོད་ཚད་ཀློག་པ་པོ་དག་ལ་དཔེ་ཀློག་གི་སྤྲོ་སྣང་འཕེལ་ཅི་ཐུབ་ཀྱི་སྒོ་ནས་ཇུས་འགོད་བྱས་ཡོད། དེ་ལྟར་དེབ་ཀྱི་ཕྱིའི་རྣམ་པ་ལེགས་པར་གྲུབ་རྗེས། ནང་གི་དེབ་ཀྱི་པར་གཞི་ཇུས་འགོད་ཀྱི་ཐད་ནས་ཀྱང་ང་ཚོས་བོད་ཡིག་ཆ་འཕྲིན་གྱི་ལག་རྩལ་གསར་བ་སྤྱད་དེ་ཡོད་ཚད་ཧི་གཟུགས་ཀྱི་ལམ་ནས་བསྒྲིགས་ཡོད། དོན་གྱི་གསལ་ཀ་མངོན་པར་དོད་ཆེད་རྩོམ་ཡིག་རེ་རེའི་དུམ་མཚམས་དག་གི་ཁ་བྱང་དང་ཞབས་མཆན་ལ་སོགས་པ་ཡང་ཡིག་གཟུགས་དང་འབྲུ་ཚད་མི་འདྲ་བ་སྤྱད་ནས་བསྒྲིགས་ཡོད་པ་མ་ཟད། ཕྲེང་རེ་རེའི་མཐའ་ཡང་ཚེགས་ཀྱིས་སྙོམས་པ་ལས་ཐར་ཏེ་རང་བྱུང་དུ་ཡོད་པ་ལྟར་བཟོས་ཡོད། དེ་ལས་གཞན། ཚིག་དུམ་དག་གི་གོང་འོག་གི་བར་ཐག་ཀྱང་ཡོངས་སུ་སྙོམས་ནས་བཀླགས་ན་མིག་ལ་རན་ཞིང་ཚད་དང་ལྡན་པ་ཞིག་ཏུ་བཟོས་ཡོད། མདོར་ན་ན་གཞོན་གསར་བའི་2009ལོའི་དེབ་སྤྱིའི་དེབ་གྲངས་ཨང་3པ་ནི་མིག་སྔར་བོད་ནང་དུ་མཐོང་ཐུབ་པའི་ཧི་གཟུགས་བཀོལ་ནས་བསྐྲུན་པའི་ཆེས་ཚད་ལྡན་གྱི་པར་བསྐྲུན་དངོས་རྫས་ཅེས་བརྗོད་ཆོག་ཆོག་ཡིན། གང་ལྟར་ད་ཐེངས་ཀྱི་ན་གཞོན་གསར་བའི་དེབ་གསུམ་པ་ལ་དཔེ་རྟགས་མེད་པ་ལས་གཞན་མདུན་རྒྱབ་ཤོག་དང་ཤོག་བུའི་སྤུས་ཚད། པར་ངོས་སྒྲིག་སྟངས་ལ་སོགས་པ་ཕྱོགས་གང་ཅིའི་ཐད་ནས་ཀྱང་དཔེ་སྐྲུན་ཁང་དག་གི་པར་དུ་སྐྲུན་པའི་དཔེ་ཆ་དག་དང་མཚུངས་རྟགས་བཀོད་ཡོད་པ་མ་ཟད་ཕྱོགས་ལ་ཤས་ནས་ཐོལ་བརྒལ་བྱས་ཡོད།
མདུན་རྒྱབ་ཀྱི་ཇུས་འགོད་བྱེད་སྟངས་ཀྱི་ཐད་ནས་ཀྱང་དམངས་ཁྲོད་ཀྱི་དུས་དེབ་༼མགོ་རྡོ༽དག་གི་སྲོལ་རྒྱུན་གྱི་ཕྱི་ཐུམ་ཇུས་འགོད་བྱེད་སྟངས་ལས་འགོངས་ཏེ་དགྱ་ནག་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་རིག་གནས་གླེང་བའི་དུས་དེབ་དག་གི་སྔུན་ནས་ཀྱང་མགོ་བོ་དགྱེ་དགོས་པའི་ཚོད་མིན་ན་ཡང་སྒུར་དགོས་པ་ཁྱོན་ནས་འདུག་མི་དགོས་སྙམ། གནད་ཀ་འདིའི་སྟེང་ནས་ན་གཞོན་གསར་བས་དམངས་ཁྲོད་ཀྱི་དུས་དེབ་རྩོམ་སྒྲིག་པ་དག་ལའང་དེབ་ཀྱི་ནང་དོན་ལས་གཞན་མདུན་རྒྱབ་ཤོག་དང་པར་ངོས་སྒྲིག་སྟངས་ལ་སོགས་ཕྱོགས་གང་ཅི་ཐད་ནས་རིམ་བཞིན་ཚད་ལྡན་ཅན་དུ་བརྩོན་ལེན་བྱེད་དགོས་པའི་ཚ་འདྲི་ཡང་ཞོར་དུ་བཏང་ཡོད་སྙམ། འདི་ལྟར་ན་གཞོན་གསར་བ་ཁྱེད་ཅག་གི་མིག་ལམ་དུ་མངོན་བྱུང་།
ན་གཞོན་གསར་བས་རང་ཉིད་ནས་མགོ་བརྩམས་ཏེ་སྒྲུབ་ཀྱིན་ཐོན་ཡོད།
ན་གཞོན་གསར་བས་མི་སྐད་ལྷང་ལྷང་སྒྲོག་བཞིན་ཐོན་བྱུང་།
ན་གཞོན་གསར་བའི་རྩོམ་སྒྲིག་པས་སྦྱར།




|
ཉེ་བའི་བཟོ་བཅོས། ( 2009-11-08 )
|