ས་འགུལ་རྒྱུན་ཤེས་དངོས་སུ་འགྲེམ་སྤེལ་བྱས།
ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ན་གཞོན་རྩོམ་སྒྲིག་པ་བསོད་ནམས་བཀྲ་ཤིས་ཀྱིས་སྒྲིག་སྒྱུར་བྱས་པའི་དཔེ་ཆ་ས་འགུལ་རྒྱུན་ཤེས་དངོས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས།
སྤྱི་ལོ2010ལོའི་ཟླ4བའི་ཚེས14ཉིན་གྱི་ཞོགས་པའི་དུས་ཚོད7དང་སྐར་མ49སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་དུ་ཚད་རིམ7.1ཅན་གྱི་ས་འགུལ་བྱུང་། འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་ས་འགུལ་དྲག་པོ་ཞིག་ཡིན་པས་ན། ཡུལ་ཤུལ་རྫོང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བློ་ཡུལ་ལས་འགོངས་པའི་གོད་ཆག་ཆེན་པོ་ལྷུངས་སོང་།
ཐེངས་འདིའི་བོད་སྤྱིའི་སྡེ་ཆག་གོད་གཟེར་གྱི་དུས་འདི་ལ་གཞིས་བྱེས་ཀྱི་བོད་རིགས་ནང་མི་སྤུན་ཟླ་ཐམས་ཅད་དང་མི་རིགས་གཞན་པའི་གྲོགས་པོ་མང་པོས་མ་བསྐུལ་དང་བླངས་ཀྱིས་སྙིང་རྗེའི་ཕྱག་ཟུང་རིང་དུ་བསྐྱངས་ནས་རྒྱུ་ནོར་དང་ཕྱོགས་གང་ཅིའི་ཐད་ནས་རྒུད་སྐྱོབ་བྱས་ཡོད་མོད། འོན་ཀྱང་གནོད་ཐེབས་ས་ཁུལ་གྱི་བོད་རིགས་མི་མང་དམངས་ཚོགས་ལ་བོད་ཡིག་གི་ལམ་ནས་ས་འགུལ་སྔོན་འགོག་དང་གོད་ཆག་ཉུང་ཕྲིར་གཏོང་བའི་སྐོར་ཀྱི་ཤེས་བྱའི་དྲིལ་བསྒྲགས་ཅུང་ཞན་པར་སྣང་།
གནོད་ཐེབས་ས་ཁུལ་གྱི་གོད་ཆག་ཉུང་ཕྲི་དང་བོད་རིགས་འདུས་སྡོད་ས་ཁུལ་གཞན་དག་གི་མི་རྣམས་ལ་ཉེན་གཡོལ་སློབ་གསོའི་ཟུར་ལྟའི་དཔྱད་གཞིར་ཕན་དུ་རེ་བ་རྐྱེན་བྱས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་བསོད་ནམས་བཀྲ་ཤིས་ཀྱིས་དུས་ཐོག་ཏུ་དཔེ་ཆ་འདིའི་དཔེ་སྐྲུན་གྱི་ཇུས་གཞི་བཏིངས་བ་མ་ཟད། དེའི་ནང་དོན་བདམས་གསེས། རྒྱུ་ཆའི་སྒྲིག་བསྒྱུར་ལ་སོགས་པ་ཡོད་ཚད་འགན་གཅིག་ལྕོགས་དུ་དང་བླངས་བྱས་ནས་འབད་བརྩོན་ཆེར་བསྐྱེད་ཀྱིས་ཉིན་གསུམ་ཀྱི་ནང་དུ་ཡོངས་སུ་རྫོགས་པར་འགྲུབ་ནས་དཔེ་སྐྲུན་བྱས་ཡོད།
འདི་ནི་བོད་ཡིག་དཔེ་སྐྲུན་པ་དཀྱུས་མ་ཞིག་གིས་ས་ཡོམ་གནོད་ཐེབས་ས་ཁུལ་དང་ནང་མི་སྤུན་ཟླ་རྣམས་ལ་ཕུལ་བའི་སྙིང་གི་ལེགས་སྐྱེས་ཡིན་ལ། བོད་རིགས་ཤེས་ལྡན་མི་སྣ་ཞིག་གིས་རང་གི་ལས་རིགས་ཀྱི་ངོས་ཐད་ནས་མི་རིགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱས་པའི་རྟགས་ཤིག་ཀྱང་རེད།
ཁོང་གིས་བཤད་པ་ལྟར་ན། དཔེ་ཆ་འདིའི་དཔར་ཐེངས་དང་པོའི་དེབ་གྲངས2800ལྷག་གནོད་ཐེབས་ས་ཁུལ་ལ་རིན་མེད་གཟིགས་འབུལ་ཞུ་ཡོད་ལ། གལ་ཏེ་ཆ་རྐྱེན་འཛོམ་ན་དཔར་ཐེངས་རྗེས་མར་དཔར་གྲངས་ཇེ་མང་རུ་བཏང་ནས་བོད་རིགས་ས་ཁུལ་ཡོངས་ལ་བཀྲམ་པའི་འཆར་གཞི་ཡང་ཡོད་ཟེར།
ས་འགུལ་སྔོན་འགོག་དང་ཉེན་སྲུང་སྐོར་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱེད་པའི་དཔེ་དེབ་འདིས་བོད་སྐད་སྨྲ་བའི་སྤུན་ཟླ་ནང་མི་ཡོད་ཚད་ཀྱི་ཤེས་རྒྱུད་དུ་ས་འགུལ་སྔོན་འགོག་གི་ཤེས་བྱ་སིམ་པར་བྱས་ནས་རྗེས་ཕྱོགས་ས་འགུལ་ལས་བྱུང་བའི་གོད་ཆག་ཇེ་ཆུང་དུ་གཏོང་ཐུབ་པར་སྨོན།